དགེ་བའི་ལས་ལ་འཇུག་པའི་རྒྱུན་ཤེས་ཐོར་བུ།
|
|||
|
༡༽བསགས་སྦྱང་ཡན་ལག་བདུན་པོ་ནི་གང་དག་ལགས། ལན།
༼༡
༽ཕྱག་འཚལ་བའི་ཡན་ལག
༼༢
༽མཆོད་པ་འབུལ་བའི་ཡན་ལག
༼༣
༽སྡིག་པ་བཤགས་པའི་ཡན་ལག
༼༤༽རྗེས་སུ་ཡི་རང་བའི་ཡན་ལག
༼༥༽ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག
༼
༦༽གསོལ་བ་འདེབས་པའི་ཡན་ལག
༼༧༽བསྔོ་བའི་ཡན་ལག་བཅས་སོ།
༢༽ལུས་ཀྱི་ཕྱག་འཚལ་བའི་ཚུལ་ཇི་ལྟར་ལགས་སམ། ལན།
སྤྱིར་ཕྱག་ལ་ལུས་ངག་ཡིད་གསུམ་གྱི་ཕྱག་ཡོད་པ་དང༌། དེ་ལས་ལུས་ཀྱི་ཕྱག་ལའང་རྣམ་པ་གཉིས་ཏེ་ཡན་ལག་ལྔ་པོ་ས་ལ་རེག་པའི་བསྐུམ་ཕྱག་དང་ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱང་ཕྱག་བཅས་སོ། །ཕུལ་བའི་ཚུལ་ནི་ཐལ་མོ་ཁོང་སྟོང་ནང་དུ་མཐེ་བོང་བཅུག་པའི་ནོར་བུའི་དབྱིབས་ལྟ་བུ་བྱས། སྤྱི་བོར་བཞག་པས་སངས་རྒྱས་ཀྱི་གཙུག་ཏོར་དང༌། སྨིན་མཚམས་སུ་བཞག་པས་མཛོད་སྤུ། མགྲིན་པར་བཞག་པས་གསུང་དབྱངས་ཡན་ལག་དྲུག་ཅུ། སྙིང་གར་བཞག་པས་ཐུགས་འགྲུབ་པའི་ནུས་པ་འཇོག་ཅིང༌། ལུས་ ས་ལ་ཕབ་པ་དང་ལང་པའི་དུས་མཛུབ་མོ་བསྐུམ་ན་དུད་འགྲོ་རྨིག་ཟླུབ་ཅན་དུ་སྐྱེ་ བའི་རྒྱུར་འགྱུར་བ་གསུངས་པས་སོར་མོ་རྣམས་གཤིབ་སྟེ་ས་ལ་བཀྲམ་པ་ལས་ཁུ་ཚུར་མི་ བྱ། དེ་འདྲ་བྱས་པས་སངས་རྒྱས་ཀྱི་མཚན་བཟང་པོ་ཕྱག་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་འགྲུབ། ལག་པ་དང་དཔྲལ་བ་ས་ལ་གཏུགཡར་ལྡང་དུས་འཁོར་བ་ལས་མྱུར་དུ་ལངས་བའི་རྟེན་འབྲེལ་གྱི་གནད་ཡོད་པས་ཝ་འཁྱུག་པ་བཞིན་མྱུར་དུ་ལངས་བ་དགོས། ཉལ་བ་ལྟར་བྱས་ན་དུད་འགྲོ་ལྟོ་འཕྱེ་སོགས་བྲང་འགྲོའི་རིགས་སུ་སྐྱེ་བས་ཉལ་ནས་ངལ་གསོ་སོགས་མི་བྱ། ལུས་ལེགས་པར་མ་བསྲང་བར་སྒུར་ཙམ་སྒུར་ཙམ་བྱས་ན་དུད་འགྲོ་ལྟ་བུ་གུག་པོར་སྐྱེ་བས་སྔ་ཕྱིའི་བར་དུ་ལུས་ལེགས་པར་བསྲང་དགོས། དེའི་ཕན་ཡོན་ནི་ལུས་ཀྱིས་ཇི་ཙམ་ནོན་པའི་སའི་རྡུལ་གྲངས་ཀྱི་འཁོར་ལོས་བསྒྱུར་བ་་སྟོང་འགྱུར་རེའི་བསོད་ནམས་འཐོབ་པར་གསུངས།
༣༽ཡོན་ཆབ་ཇི་ལྟར་འབུལ་དགོས་སམ། ལན།
ཡོན་ ཆབ་འབུལ་བའི་སྐབས་ཏིང་རྣམས་ལེགས་པར་ཕྱིས་ནས་བར་ཐག་རན་ཞིང་ཡོ་ཀྱོག་མེད་པ་ བསྒྲིག་དགོས་ཏེ་བར་ཐག་རིང་ན་བླ་མ་དང་འབྲལ་བ་དང་ཐུང་ནས་གཅིག་གིས་གཅིག་ལ་ཐུག་ སོང་ན་དབང་པོ་རྟུལ་བ། སྒྲ་འབྱིན་ན་སྨྱོ་བ་སོགས་འབྱུང་བ་ཡིན། ཏིང་ སྟོང་པ་ཡུན་རིང་བསྒྲིགས་ན་བསོད་ནམས་ཉམས་པས་ཏིང་རྣམས་བརྩེགས་པའི་ཐོག་མར་ཆུ་ ཅུང་ཟད་བླུགས་ཏེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་རྗེས་འོག་མ་འོག་མར་བགོ་ བཞིན་སྟོང་པ་མིན་པར་རིམ་བཞིན་བསྒྲིག འབུལ་བའི་ཚེ་རྒྱལ་པོ་ཆེན་པོར་གསོལ་ཇ་ཞུ་བ་བཞིན་ལག་པ་གཉིས་གིས་གུས་པ་ལྟར་ནས་འདྲ་མ་ཞེས་ཐོག་མཐའ་གཉིས་ཕྲ་ལ་དཀྱིལ་སྦོམ་པ་བྱས་ནས་འབུལ། ཤིན་ཏུ་མ་གང་བར་ནས་འབྲུ་རེའི་ཚོད་ཙམ་སྟོང་པ་བཞག་དགོས་ཏེ་གང་ནས་ཕྱིར་ལུད་ན་ཚུལ་ཁྲིམས་འཆལ་བ་དང་མ་ཁེངས་ན་ལོངས་སྤྱོད་ཉམས་པར་འགྱུར་རོ། །
༤༽ཇི་ལྟ་བུའི་སྒོ་ནས་མཎྜལ་འབུལ་དགོས་སམ། ལན།
མཎྜལ་ཞེས་པ་བོད་སྐད་ལ་དཀྱིལ་འཁོར་ཟེར་ཏེ། དཀྱིལ་སྙིང་པོ་དང་འཁོར་ནི་ལེན་པ་ལ་འཇུག་པས་སྙིང་པོ་ལེན་པ་ཞེས་པའི་དོན། དེའི་རྒྱུ་ནི་བྱུང་ན་གསེར་ཟངས་སོགས་དགོས་ལ་དེ་ལྟར་མ་འབྱོར་ཡང་རྡོ་གཡམ་གྱོ་མོ་ཤིང་གིས་ཀྱང་རུང༌། ཚོམ་བུ་ཡང་རབ་རིན་པོ་ཆེ་དང་འབྲུ་སྨན། དེ་མིན་རྡེའུ་དང་བྱེ་མ་སོགས་ཀྱང་རུང༌། ཆེ་ཆུང་གི་ཚད་ནི་གང་ཆེ་ཆེ་བྱུང་ན་རབ་ལ། མ་མཐར་རང་གི་ཁ་ཕོར་ལས་མི་ཆུང་བ་དགོས། འབུལ་ བའི་དུས་སུ་ལག་གཡོན་པས་འབྲུ་བཅས་མཎྜལ་བཟུང་སྟེ་གཡས་པའི་ལག་ངར་གྱིས་ཕྱིར་ལན་ མང་དུ་ཕྱི་སྐབས་སྡིག་སྒྲིབ་ཕྱི་བའི་མོས་པ་བྱེད།ཚུར་ལན་གསུམ་ཕྱི་བའི་ཚེ་སྐུ་ གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་བྱེད་ཅེས་རྒྱས་པ་གཞན་ལས་ཤེས་པར་ བྱའོ། །
༥༽མི་ལུས་ཐོབ་པར་རྒྱུ་གང་ཞིག་བསགས་དགོས་སམ། ལན།
མི་ལུས་ཐོབ་པར་རྒྱུ་དགེ་བ་བཅུའི་ཚུལ་ཁྲིམས་རྣམ་པ་དག་པ་སྲུང་བར་འབད་དགོས།
༦༽དལ་འབྱོར་གྱི་མི་ལུས་ཟེར་བའི་དལ་བ་ནི་གང་འདྲ་ཞིག་ལ་གོ་དགོས་སམ། ལན།
དལ་བ་ནི་མི་ཁོམ་པའི་སྐྱོན་བརྒྱད་དང་བྲལ་བ་སྟེ་ཆོས་བྱེད་ཁོམ་་ཡོད་པ་ལ་ཟེར་ཏེ། མི་ཁོམ་པ་བརྒྱད་ནི་
༼༡༽དམྱལ་བར་སྐྱེས་པ།
༼༢༽དུད་འགྲོར་སྐྱེས་པ།
༼༣༽ཡི་དྭགས་སུ་སྐྱེས་པ།
༼༤༽ལྷ་ཚེ་རིང་པོར་སྐྱེས་པ།
༼༥༽ཆོས་མི་དར་བའི་ཡུལ་དུ་སྐྱེས་པ།
༼༦༽ཀླ་ཀློར་སྐྱེས་པ།
༼༧༽གླེན་ལྐུགས་སུ་སྐྱེས་པ།
༼༨༽ལོག་ལྟ་ཅན་དུ་སྐྱེས་པ་བཅས་ཏེ་འདི་བརྒྱད་པོ་ལ་སྐྱེས་ན་ཆོས་བསྒྲུབ་པའི་དུས་མེད་པ་ཡིན་ནོ། །
༧༽དལ་འབྱོར་གྱི་མི་ལུས་ཞེས་པའི་འབྱོར་པ་བཅུ་དེ་གང་ལ་་གོ་དགོས་སམ། ལན།
འབྱོར་པ་བཅུ་ནི་
༼༡༽མིར་སྐྱེས་པ།
༼༢༽ཆོས་དར་བའི་ཡུལ་དུ་སྐྱེས་པ།
༼༣༽དབང་པོ་ཚང་བ།
༼༤༽ལས་མཐའ་མ་ལོག་པ།
༼༥༽གནས་ལ་དད་པ་བཅས་རང་གི་ངོས་ནས་ཚང་དགོས་པའི་ཆོས་སྒྲུབ་པའི་ཆ་རྐྱེན་རང་འབྱོར་ལྔ་དང༌།
༼༦༽སངས་རྒྱས་འཇིག་རྟེན་དུ་བྱོན་པ།
༼༧༽སངས་རྒྱས་ཀྱིས་ཆོས་གསུངས་པ།
༼༨༽བསྟན་པ་གནས་པ།
༼༩༽དེའི་རྗེས་སུ་འཇུག་པ།
༼༡༠༽གཞན་ཕྱིར་སྙིང་བརྩེ་བ་བཅས་ཆོས་བྱེད་པར་གཞན་ངོས་ནས་ཚང་དགོས་པའི་ཆ་རྐྱེན་གཞན་འབྱོར་ལྔ་བཅས་བསྡོམས་པའི་བཅུ་ལའོ། །
༨༽མི་ལུས་ཐོབ་པ་ཐམས་ཅད་ལ་དལ་འབྱོར་བཅོ་བརྒྱད་ཚང་བ་ཡིན་ནམ། ལན།
དེ་ནི་མ་ཡིན་ཏེ་སྤྱིར་མི་ལུས་ཐོབ་པར་དགེ་བ་བཅུའི་ཁྲིམས་སྲུང་བ་དགོས་ལ། ཁྱད་པར་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཐོབ་པ་ལ་དགེ་བ་བཅུའི་ཁྲིམས་གཙང་མར་སྲུང་བའི་སྟེང་དུ། ཕར་ཕྱིན་དྲུག་གིས་གྲོགས་བྱས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ཞིག་དགོས་སོ། །དཔེར་ན་དམ་པའི་ཆོས་ལ་མ་དད་པའི་མི་གང་ཞིག་དེ་ནི་ལས་ཀྱི་མཐའ་ལོག་པས་མིའི་ལུས་ཐོབ་པ་ཙམ་ལས་དལ་འབྱོར་བཅོ་བརྒྱད་མི་ཚང་བ་ལྟ་བུའོ། །
༩༽དལ་འབྱོར་གྱི་མི་ལུས་འདི་དོན་ཆེ་བ་ཡིན་ཟེར་དགོས་པའི་རྒྱུ་མཚན་ཅི། ལན།
སྤྱིར་ ཚེ་འདིའི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཙམ་ལ་དུད་འགྲོས་ཀྱང་བརྩོན་ལ། དལ་འབྱོར་ཚང་བའི་མིའི་ལུས་རྟེན་འདི་ནི་སྲོག་ཆགས་གཞན་གྱི་ལུས་དང་མི་འདྲ་བར་ ཆོས་སྒྲུབ་པ་དང་ཁྱད་པར་དུ་ཐེག་ཆེན་གྱི་ལམ་སྒྲུབ་པ་འོས་པའི་རྟེན་ཞིག་སྟེ་ ལུས་རྟེན་འདིར་དགེ་སྡིག་གང་བྱ་ཡང་སྟོབས་ཆེ་བས་གནས་སྐབས་ཀྱི་དོན་ཆེ་བ་དང༌། རྟེན་འདིར་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བས་མཐར་ཐུག་གིས་དོན་ཆེ་བ་བཅས་ཀྱིས་སོ། །
༡༠༽དལ་འབྱོར་ཚང་བའི་མི་ལུས་རྙེད་དཀའ་བ་ལ་ཇི་ལྟ་བུས་བསམ་བློ་གཏོང་དགོས་སམ། ལན།
དལ་འབྱོར་གྱི་མི་ལུས་ནི་ཧ་ཅང་རྙེད་དཀའ་བ་སྟེ། རྒྱུ་སྒྲུབ་དཀའ་བས་རྙེད་དཀའ་བ་དང༌། ངོ་བོ་འཛོམས་དཀའ་བས་རྙེད་དཀའ་བ། དཔེ་སྲིད་དཀའ་བས་རྙེད་དཀའ་བ་བཅས་གསུམ་གྱི་སྒོ་ནས་བསམ་བློ་གཏོང་བ་བྱའོ། །
བྱང་ཆུབ་ཤིང་དུ་འབོད་པའི་སྟེགས་བབས་ལས་བཤུས། |
No comments:
Post a Comment