གྲུབ་མཐའ། རིས་མེད་ལ་གཙོ་བོ་དགེ་ལུགས་དང་རྙིང་མ། ཆགས་ཡུལ།
ལྷ་སའི་ནུབ་ངོས་འབྲས་སྤུངས་དགོན་གྱི་ཉེ་འདབས། འདེབས་ལོ། སྤྱི་ལོ་༡༦༨༡།
འདེབས་མཁན། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
དགེ་འདུན་གྱི་ཞལ་གྲངས་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྒྱ་དང་གཅིག་འཛུགས་པ་
གནང་ཞིང་།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དགེ་འདུན་གྱི་ཞལ་གྲངས་བརྒྱ་དང་བཅོ་
ལྔའི་ཚད་གཞི་བཟོ་གནང་མཛད་པས་ཕྱིས་སུ་སྤྱི་ལོ་༡༩༥༩ལོའི་བར་དེ་ལྟར་གནས།
དགོན་པ་དེའི་སྒྲིག་གཞིའི་ལས་སྣེ་མི་སྣ་ནི་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་
ཏཱ་བླ་མ་དང་། དེའི་འོག་གནས་ཆུང་སྡེ་པ། མཆོག་སྤྲུལ་རིན་པོ་ཆེ།
དེའི་འོག་སློབ་དཔོན། དབུ་མཛད། དགེ་བསྐོས། ཆོས་སྐྱོང་གི་དྲུང་ཡིག་དང་།
སྐུ་མདུན་ཞེས་ཆོས་སྐྱོང་སྐུ་ཕེབས་སྐབས་ཞབས་ཞུ་བ་གཉིས་སོགས་ཡོད།
གནང་ཆུང་ཆོས་སྐྱོང་ངམ་རྒྱལ་པོ་སྐུ་ལྔ།
བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་བཀའ་ཡི་བློན་པོ།
རྡོ་རྗེ་གྲགས་ལྡན་པེ་ཧར་རྒྱལ་པོ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་
ཆོས་སྐྱོང་འདིའི་ཐོག་མའི་འབྱུང་ཁུངས་སྐོར་ལ་སྔར་མཁན་སློབ་ཆོས་གསུམ་གྱིས་
བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ལེགས་པར་གྲུབ་ཏེ་གནས་སྲུང་
དུ་བསྐོ་བའི་བཀའ་བགྲོས་མཛད་ཚུལ་དང་།
དེ་ནས་རྒྱལ་དབང་དགེ་འདུན་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྲུང་མར་
བསྐོས་པ་བཅས་ཀྱི་ལོ་རྒྱུས་སྐོར་རྒྱལ་དབང་ལྔ་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་
མཛད་པའི་གནས་ཆུང་དཀར་ཆག་དང་།
འབྲས་དགོན་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར་
སོགས་ཁུངས་བཙན་གྱི་ལོ་རྒྱུས་ཡིག་ཆར་ཞིབ་པར་གསལ།
དེ་སྔ་བོད་ས་གནས་སྲིད་གཞུང་གིས་གལ་ཆེའི་བསྟན་སྲིད་གཞུང་དོན་ཁག་དང་།
ལྷག་པར་དུ་རྒྱལ་དབང་རིམ་བྱོན་གྱི་སྐུ་སྐྱེ་ཡང་སྲིད་གངས་ཅན་ས་ཕྱོགས་ག་གེ་
མོར་སྐུ་འཁྲུངས་ཡོད་པ་སོགས་ཀྱི་སྐོར་ལ་ཆོས་སྐྱོང་འདི་ཡི་བཀའ་ལུང་རྟེན་སྲོལ་
ཡོད་པ་རྒྱལ་དབང་རིམ་བྱོན་གྱི་རྣམ་ཐར་ཕལ་མོ་ཆེར་གསལ་བ་ལགས་སོ། །
དགོན་པ་འདིའི་ཆོ་ག་ཕྱག་ལེན་བཞེས་ཚུལ་ཐད། གོང་གསལ་ལྟར་དགོན་པ་འདི་ནི་ས།
དགེ རྙིང་གསུམ་གྱི་གྲུབ་མཐའ་རིས་མེད་ཡིན་ཞིང་།
གཞི་གསུམ་ཆོ་ག་གཙོ་བཟུང་ཐོག འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆོག་རྒྱུད་
སྟོད་ལུགས་ཆ་ཚང་དང་།
རྩོད་གྲྭའི་རྩིས་སྡོམས་ཁྲིད་བྱང་གིས་ལོ་གསུམ་རེ་མི་བརྒྱད་རེ་ཟུར་དུ་དང་གཡང་
ཆོག ནོར་བུ་མཆོག་བརྒྱ་དང་། མཁའ་འགྲོ་ནོར་ལྷ།
གནོད་སྤྱིན་ནོར་ལྷ་ནག་པོའི་སྐོར་གྱི་གཡང་ཆོག རྩ་གསུམ་ནང་ཐུགས་རྗེ་ཆེན་པོ་
དུག་ལྔ་རང་གྲོལ་སྐོར་སོགས་རྙིང་ལུགས་ལྷོ་གཏེར་བཞེད་པ་དང་།
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞིའི་དབང་ཆོག་དང་བྱང་བསྔོ།
ཁ་སྐོང་སྦྱིན་སྲེག་སོགས་རྙིང་ལུགས་བྱང་གཏེར་བཞེད་པ།
རྣལ་འབྱོར་མའི་སྐོར་ས་སྐྱའི་ལུགས་བཞེད་པ་བཅས་སོ།།
རྒྱལ་མཆོག་ལྔ་བའི་གནས་ཆུང་དཀར་ཆག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷན་ཐབས་
སུ་མཛད་པའི་གནས་ཆུང་དཀར་ཆག་གནས་ཆུང་བདེ་ཡངས་ལྷོ་ངོས་རྩིག་བྲིས་སུ་བཀོད་ཡོད་
པ་དེ་སྤྱི་ལོ་༡༩༨༤ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཚན་
པས་འདྲ་བཤུས་བྱས་ཏེ་ཡིག་འབྲུ་རེ་རེ་བཞིན་ཞུ་དག་ནན་ཏན་ཞུས་ནས་པར་དུ་བཀོད་
ཟིན་པ་ཡིན།
ཞིབ་ཕྲའི་ལོ་རྒྱུས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཚན་པས་རྩོམ་སྒྲིག་ཞུས་པའི་«འབྲས་སྤུངས་ཆོས་འབྱུང་དྭངས་གསལ་ཤེལ་གྱི་མེ་ལོང་»ཞེས་པར་གསལ།
«ལྷ་སའི་དགོན་ཐོ་»ལས་བཏུས།
No comments:
Post a Comment